Wednesday 24 June 2015

ངལ་གསོ་ཐེངས་གཅིག་གནང་རོགས།

ངལ་གསོ་ཐེངས་གཅིག་གནང་རོགས།

ཐག་རིང་ཐག་རིང་དུ་བསྡད་ནས།
བརྩེ་ཁུལ་གྱིས་ཁྱེད་རང་གླེང་མཁན་ཧ་ཅང་མང་ལ།
ཐག་ཉེ་ཐག་ཉེ་རུ་བཅར་ནས།
དུངས་མདོག་གིས་ཁྱེད་རང་འཆད་མཁན་ཡང་ཤིན་ཏུ་མོད།
འོན་ཀྱང་སུ་ཞིག་གིས་ཁྱེད་ཀྱི་གཉེར་མའི་འོག་གི་གཏམ་རྒྱུད་མ་མཐོང་ལ།
གང་ཞིག་གིས་ཀྱང་ཁྱེད་ཀྱི་འཛུམ་མདངས་ངོགས་ཀྱི་སྤྱན་ཆབ་མ་རིག
རྔུལ་ཆུར་བསྲེས་བའི་དཀའ་ཚེགས་ཀྱི་ལོ་ཟླ་རིང་མོ་དག
ཕྱོགས་བཞིར་ཞབས་ཀྱིས་བཅགས་པའི་བཤུལ་དུ་འཐིམ་ཞིང།
ན་ཟུག་ཟབ་པའི་ངལ་དུབ་ཀྱི་ཉིན་མཚན་གྲངས་མེད་དག
འགྲོ་དྲུག་བྱམས་ཀྱིས་བསྐྱངས་བའི་མཛད་རྗེས་ཁྲོད་འདའ་བཞིན་པར་བསམ་ན།
ད་ནི་ཁྱེད་རང་ལྷོད་ཀྱིས་ངལ་གསོ་ཐེངས་གཅིག་བྱེད་རན་འདུག་ཨང།
བདག་གི་སློབ་དཔོན་ལགས།
ངལ་གསོ་ཐེངས་གཅིག་གནང་རོགས།


ཐག་རིང་ན་ཁྱེད་ལ་རེ་བས་སྒུག་མཁན་ཧ་ཅང་མང་ལ།
ཐག་ཉེ་ནའང་ཁྱེད་ལ་དད་པས་སྨོན་མཁན་ཤིན་ཏུ་མོད།
འོན་ཀྱང་སུ་ཞིག་གིས་ཁྱེད་ཀྱི་ཕུགས་བསམ་ཀློང་གི་མདུན་ལམ་དེ་སྙེག་མྱོང་ངམ།
གང་ཞིག་གིས་ཁྱེད་ཀྱི་རྨི་ལམ་ཁྲོད་ཀྱི་འཇིག་རྟེན་དེ་བཙལ་མྱོང་ངམ།
འདི་ལྟར་བལྟས་བལྟས་རིག་རིག་ལ་ཁྱེད་ཀྱི་སྐྲ་ལོའི་ཁ་དོག་དཀར་པོ་འགྱུར་བཞིན་པ་དང་།
ཤེས་ཤེས་ཚོར་ཚོར་ལ་ཁྱེད་ཀྱི་གོམ་པའི་འདེགས་འཇོག་དལ་དུ་འགྲོ་བའི་ངང་ཚུལ་མཐོང་ན།
ཡུལ་གྱར་གྱི་ལོ་ཟླ་ག་ཚོད་ཅིག་དང།
བཙན་བྱོལ་གྱི་དུས་ཚིགས་ཇི་ཙམ་ཞིག་ལ།
ཁྱེད་རང་དྲོད་ཁོལ་མེད་པའི་ཁང་ཆུང་དེའི་ཕྱི་ནང་དུ་བགྲེང་ནས།
ཁེར་རྐྱང་དུ་རེ་སྒུག་གི་སྤྱན་ཟུང་རྒྱང་ལ་ཡང་ཡང་ཕྱོགས་དོན།
རང་ལ་མི་དབང་བའི་ཐག་རིང་གི་གཞིས་ཁྱིམ་དེའི་ཆེད་དུ་ལོས་ཡིན།
གང་ལྟར་ཐུགས་ཕམ་དུས་དཔུང་གྲོགས་དབེན་ལ།
ཡིད་སྐྱོ་ཚེ་སེམས་གསོ་བྲལ་བའི་གྲུ་ག་འདི་ནས།
ཁྱེད་ཁོ་ན་མི་རིགས་འདིའི་རང་དབང་གི་ཆེད་དུ་འཁྲུངས་ཤིང་རྒ་བཞིན་པ་དང།
ཁྱེད་གཅིག་པུ་རྒྱལ་ཁབ་འདིའི་ཐོབ་ཐང་གི་ཕྱིར་དུ་འདུར་ཞིང་རྒྱུགས་ཀྱིན་པར་བསམ་ན།
ད་ནི་ཁྱེད་རང་ཐུགས་ལྷོད་ལྷོད་ཀྱིས་ངལ་གསོ་ཐེངས་གཅིག་མཛད་པའི་དུས་ཤིག་ཅི་ལ་མིན་ཨང་།
བདག་གི་སྐྱབས་མགོན་ལགས།
ངལ་གསོ་ཐེངས་གཅིག་གནང་རོགས།
༢༠༡༣།༧།༥ ཉིན་གྱི་དགོང་མོར་ཁེར་རྐྱང་དུ་བྲིས་སོ།

No comments:

Post a Comment